༼མེ་ཐབ་དམར་པོ༽
དུས་ཡུན་རིང་པོ་ཞིག་ནས་བཟུང་། ངས་དཔེ་ཆ་ཞིག་འདོན་འདོད།
ཆུ་རྒྱུན་ལྟར་བཞུར་བའི་ལོ་དེར་ཕྱིར་དྲན་བྱེད་ཆེད་དུ་རང་ཉིད་ཀྱིས་ལོ་མང་པོར་སྒྲོན་མེ་སྤར་ནས་མཚན་འཁྱོངས་དང་དཀའ་སྤྱད་སྡུག་རུས་ཀྱིས་བྲིས་པའི་བརྩམས་ཆོས་ཞིག་ཕྱོགས་བསྒྲིགས་བྱས།
ལོ་མང་སོང་རྗེས་ཀྱི་དེ་རིང་ངས་འདས་ཟིན་པའི་ལོ་ཟླ་ལ་ཕྱིར་དྲན་བྱས།
དེ་སྔའི་བྱིས་བློ་དང་མཉེན་ཞིང་མཉེན་པའི་ཡིག་གཟུགས་ལ་རྟོག་བཟོ་གང་ཡང་མེད་པར་དོན་དངོས་དང་མཐུན་པའི་སྒོ་ནས་ལོ་ཟླའི་ཟིན་ཐོར་བཀོད་ཡོད།
དཔེ་ཆ་འདི་རྩོམ་སྒྲིག་དང་པར་སྐྲུན་བྱེད་སྐབས། ངས་དང་ཐོག་སྤུངས་པའི་ཡི་གེ་ལ་བལྟས་ནས། དེའི་ནང་གི་བསམ་བློ་དང་བློ་སེམས་དག་ནི་ངའི་མི་ཚེའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར།
འོད་མདངས་རྣམ་པར་བཀྲ་བ་དང་། གཟི་མདངས་རབ་ཏུ་འབར་བ།
ང་རང་དབང་མེད་པར་དེའི་ཁྲོད་ཀྱི་མི་དང། བྱ་བ། དངོས་པོ། ཡུལ་ལྗོངས་བཅས་ལ་སེམས་འགུལ་ཐེབས།
ཤོག་ལྷེ་སྲབ་མོ་ཞིག་གིས་ངའི་མི་ཚེ་ཕྱེད་ཀ་ལྷག་གི་འཚོ་བའི་རྣམ་པ་ཞིག་ཁྱེར་ཡོད།
འཇིག་རྟེན་གྱི་འགྱུར་ལྡོག་དང་ཆར་རླུང་གི་ཉམས་སད་ཡོད་རུང། བྱ་དངོས་དུས་ཚོད་དང་བསྟུན་ནས་ཡལ་སོང་རུང། གསལ་ལ་མི་གསལ་བའི་རྗེས་ཤུལ་ཙམ་ལས་མེད་ཀྱང་། ང་ལ་ད་དུང་དཔེ་ཆ་འདི་ཡོད།
དེབ་དེས་ངའི་མི་ཚེའི་ཆེས་དངོས་ཡོད་ཀྱི་མྱོང་བ་དང་མྱོང་ཚོར་ཟིན་ཐོར་བཀོད་ཡོད།
མ་འོངས་པར་ངས་དཔེ་ཆ་འདི་བཟུང་ནས་བདེ་སྐྱིད་ཀྱི་ངང་ནས་འདས་དོན་ལ་ཕྱིར་དྲན་བྱེད་སྲིད།།
